རིག་འཛིན་དབེན་གསུམ་རོང་དུ་བསྐྱོད་པའི་ཉམས་མགུར།

 ༄༅། ། རིག་འཛིན་ང་དང་ང་རང་མི་ཟེར་ཏེ། །རིག་འཛིན་ང་ནི་ཁྱབ་གདལ་རང་རྩལ་ཡིན། །ཕྱི་རོལ་སྣང་བའི་ཡུལ་ཀུན་དཔེ་ཆར་ཤར། །ནང་དུ་སེམས་ཀྱི་རྒྱུ་བ་གདམས་པར་གྲོལ། །བར་དུ་ཁྲེགས་ཆོད་ཐོད་རྒལ་གཤོག་རྩལ་གྱིས། །རེ་དོགས་ཇག་རྐུན་འཕྲང་རུམ་ཀུན་གཤགས་ཏེ། །བཅུ་དྲུག་སོ་གཉིས་ནམ་མཁར་ལྡིང་ལྡིང་ནས། །གདོད་མའི་རྒྱལ་སར་འཕུར་བའི་རིག་འཛིན་ཡིན། །འདི་ནང་འགྲོ་བྱ་འགྲོ་བྱེད་མ་མཆིས་ཀྱང་། །སྣང་ཆའི་རྟེན་འགྲེལ་སྔོ་སངས་ལྷ་མོ་དང་། །གཟུང་དང་འཛིན་པ་མེད་པའི་ཟུང་འཇུག་གིས། །འགྲོ་འོང་རང་ངོར་སངས་པའི་རིག་འཛིན་ཡིན། །དབུས་ན་ཀུན་བཟང་ཉིན་བྱེད་འོད་གསལ་ཞིང་། །མཐའ་ན་ཐུབ་དབང་འཛམ་བུའི་གོ་ལ་བརྗིད། །ཟུར་ན་པད་འབྱུང་བསིལ་བྱེད་བཀྲ་བའི་འཁྲིར། །སྐར་མའི་འོད་ཕུང་འཕྲོ་བའི་རིག་འཛིན་ཡིན། །

གངས་ལྗོངས་རིག་པ་འཛིན་པའི་མདུན་མཐའི་སེམས་བྱུང་གི་ཆུ་རིས།

༄༅། །རྣམ་ཐོས་བང་མཛོད་དབང་བའི་འབྱོར་ལྡན་དུ་སྐྱེས་ཀྱང་། །བཟའ་སྤྱོད་མི་ནུས་སེར་སྣས་གསོག་སྲུང་གི་ངང་དུ། །ཟད་དོག་བརླག་དོག་བཀྲེན་རྔམ་སྡུག་བསྔལ་གྱིས་མནར་བའི། །དབང་ཆེན་ཕྱུག་པོའི་མི་ལས་སྡུག་པ་ཞིག་མ་མཐོང་། །ཁས་ཞན་དབང་ཆུང་མི་ཆུང་ཉམས་ཆུང་གི་རིགས་ནི། །འཚོ་བ་རྐང་ལག་སྒུལ་བའི་སྡུག་ཁུར་གྱིས་མནར་རུང་། །ནོར་རྫས་གསོག་སྲུང་བརླག་པའི་སྡུག་བསྔལ་འདི་མེད་པར། །ཉམས་ཆུང་འདུན་མ་སྐྱལ་བའི་བག་ཡངས་འདི་སྐྱིད་འདྲ། །དབུལ་ཕྱུག་དབུ་མར་ལྷགས་པའི་རིག་འཛིན་ གྱི་རློམ་ཅན། །བཙན་པའི་ལས་ཀྱིས་བྱང་ཕྱོགས་ནོར་གླིང་དུ་འཕེན་ཀྱང་། །བསམ་འཕེལ་སྔོ་ལོ་སྡུད་པའི་ཅ་ཟིང་གིས་འཕྲང་ནས། །མགྲོན་བཞིའི་སྲི་ཞུར་གྱུར་པའི་དཔའ་ཉམས་འདི་དོད་འདྲ། །

རང་ལ་གདམས་པའི་སྙིང་གཏམ་སུམ་ཅུ་མ་ཞེས་བྱ་བ་བཞུགས་སོ།

༄༅།  །ན་མོ་གུ་རུ་མཉྫུ་ཤྲི་ཡེ༑ རིག་ལམ་འོད་སྟོང་འབར་བ་པདྨོའི་གཉེན། །མདོ་སྔགས་ལེགས་བཤད་འཁྱིལ་བ་ཟླ་བའི་གྲོགས། །ཀུན་བཟང་དགོངས་པའི་ཀློང་བརྡོལ་རྒྱལ་བའི་སྲས། །གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གུས་པས་བཏུད། །མཁྱེན་པའི་དབང་པོ་ལེགས་བཤད་རྒྱ་མཚོའི་གཏེར། །བརྩེ་བའི་རང་གཟུགས་རྣམ་དཀར་དོན་གྲུབ་རྗེ། །ནུས་སྟོབས་རང་གདངས་ཡེ་ཤེས་རིན་ཆེན་ཞབས། །གསུམ་ཚན་གསུམ་ལྡན་རིགས་གསུམ་མགོན་པོར་འདུད། །འདི་ནང་ནུབ་གླིང་འགྲིམས་པའི་ཐབས་ཟད་པོ། །རྣམ་གསུམ་དབེན་པའི་ཡོན་ཏན་ཁྱད་སོད་པོ། །མངོན་ཞེན་འཛིན་པའི་སྒྲོག་གིས་དམ་འཆིང་པོ། །རང་ལ་རང་གིས་སྙིང་གཏམ་སུམ་ཅུ་འདེབས། །

བདུད་འཇོམས་གླིང་པ་སྤྲུལ་བརྒྱུད་ལ་བསྔགས་པའི་ཀ་ཕྲེང་མགྲིན་སྔོན་ཟླ་བའི་གླུ་དབྱངས།

༈ ཀ་དག་གཏིང་གསལ་གཞོན་ནུ་བུམ་སྐུ་ཡི་ཀློང་ནས། །ཁ་དན་འོད་གསལ་ལྷུན་གྲུབ་སྒྱུ་འཕྲུལ་གྱིས་བཀོད་པས། །ག་ཤེད་རང་གསལ་ཆུ་ཟླའི་བརྙན་འགྱུར་དུ་འཛུམ་པ། །ང་ཚོའི་བླ་མ་བདུད་འཇོམས་གླིང་པ་འདི་བཟང་ངོ་། །ཅ་དག་རྔ་ཡབ་གླིང་པའི་དགོངས་གཏེར་གྱི་བང་མཛོད། །ཆ་སྲོལ་རྒྱན་དྲུག་མཆོག་གཉིས་བཞེད་ཚུལ་དུ་བཀྲལ་བས། །ཇ་ཡུན་སངས་རྒྱས་ལག་བཅང་ཕྱོགས་མཐའ་རུ་བརྡལ་བ། །ཉ་མའི་འདྲེན་མཆོག་ཡེ་ཤེས་རྡོ་རྗེ་འདི་བཟང་ངོ་། །

སྐྱབས་རྗེ་ནམ་སྙིང་རིན་པོ་ཆེར་བསྔགས་པའི་ཀ་ཕྲེང་རྒྱན་བཞིའི་དོ་ཤལ།

༈ ཀ་དག་གདོད་མའི་མགོན་པོ་ཀུན་བཟང་པོ། །ཁ་སྦྱོར་ཡན་ལག་བདུན་ལྡན་ཚོམ་བུའི་མདངས། །ག་སར་ཆུ་ཟླའི་གར་གྱིས་རྣམ་རོལ་བ། །ང་ཡི་འདྲེན་མཆོག་ནམ་སྙིང་གཙུག་ན་རྒྱལ། །ཅ་དག་ཚུལ་ཁྲིམས་འཛིན་མའི་ཁོད་མཉམ་ཞིང་། །ཆ་རྫོགས་ཏིང་འཛིན་དལ་འགྲོའི་མཛོད་ལས་ཟབ། །ཇ་དྭངས་ཤེས་རབ་ནམ་མཁའི་མཐས་གཏུགས་པ། །ཉ་མའི་འདྲེན་མཆོག་བསྟན་པའི་སྙིང་པོ་རྒྱལ། །ཏ་ལེར་བརྗིད་པའི་ངུར་སྨིག་འཛིན་པའི་ཁྲོད། །ཐ་དག་ཉམས་ཆུང་སྐྱེ་དགུའི་དཔལ་གྱུར་པ། །ད་དུས་བསྟན་འགྲོའི་སྲོག་ཤིང་ཉག་ཅིག་ཁྱེད། །ན་མར་ཞབས་པད་བརྟན་པར་ཀུན་ནས་སྨོན། །

ཀ་ཕྲེང་དྭངས་མ༌དྲུག་ལྡན༌གྱི་གྲོས་འདེབས།

༄༅། ། ཀ་ར་བུ་རམ་ཞིམ་དགུའི་རོ་ལྡན་མར། །ཁ་ལག་ཇུས་ཀྱིས་བཙན་པའི་དམག་འདྲེན་ཀྱང་། །ག་ལེར་དྭངས་མ་དྲུག་ལྡན་རྒྱལ་ཁམས་འདི། །ང་ཅག་དུས་ཀྱིས་གཉན་དུས་ཅིས་ཀྱང་ཤོར། །ཅ་རེའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་། །ཆ་མཉམ་དུང་ཕྱུར་སྔོན་གྱི་གས་ཆེན་ཁྲོད། །ཇ་ཡུན་ཕྲ་རྡུལ་སྤུངས་པའི་མྱོང་འགྲུལ་ཙམ། །ཉ་གའི་ལྕི་ཡང་འཇལ་ཏེ་མནོང་དོན་ཅི། །ཏ་ཡས་ལུས་རྩལ་ཡངས་པའི་དཔུང་ཐོན་ཞིང་། །ཐ་དག་ཟས་སྙུང་དཀའ་ཐུབ་དཔྱིས་ཕྱིན་ཀྱང་། །ད་གཟོད་མིག་འཚུམ་ཡུན་ལ་འཆི་སྲིད་པས། །ན་ལྕོགས་ཡུན་འདི་ཆོས་ལ་མི་འབུང་ངམ། །

རིག་པ་འཛིན་པའི་ཞོགས་ཐུན་ཅིག་གི་སེམས་རིས།

༄༅། །རྣམ་སྣང་གངས་མཚོའི་ཏིང་འཛིན་ཡུན་རིང་ཞིང་། །ཀུན་བཟང་ཐུགས་ཀྱི་བསྟན་པ་ཁྱོན་ཡངས་ཀློང་། །སྟོང་གསུམ་སྟོང་གི་བཀོད་པ་མཐས་ཡས་ནང་། །སྐར་མདའ་སྲིད་པའི་ཚུལ་འདི་རྒྱུ་བ་མཚར། །དུང་ཕྱུར་བགྲང་བྱའི་སྔོན་གྱི་གས་ཆེན་ཁྲོད། །མཛེས་མའི་ཁྱུ་ཚོགས་ས་ཡའི་འཕྲེད་ཀློང་དུ། །ཕྲན་གྱི་ཞིང་མཆོག་འཛམ་བུའི་མིང་ཅན་ཡང་། །ཉིན་བྱེད་གུས་པས་བསྐོར་བའི་རྣམ་འགྱུར་ངོམས། །ཕ་ཀི་དགུ་ཚིགས་སྟོང་གི་ཚོམ་བུ་དང་། །སྐར་ཚོགས་འབུམ་ཕྲག་བགྲང་ཡས་དབང་གྱུར་པ། །རྡུལ་ཕྲན་ཀློང་ནའང་རྡུལ་སྙེད་འཇིག་རྟེན་ཁམས། །འོད་དང་ཟེར་གྱི་བཅུད་འཛིན་ཆགས་འདི་རྨད། །

དྲ་གྲོགས་རྒྱང་བསྐུར་གྱི་འཕྲིན་ཐུང་།

༊ ཁྱབ་གདལ་ཁྱོན་ཡངས་ཀྱི་འཛིན་མར། །འཚོ་སྐྱོང་སྣ་མང་གི་འཕྲང་ལ། །ཞུམ་མེད་སྟག་སེང་གི་རྩལ་འཁྱོངས། །དྲ་གྲོགས་བློ་ཡངས་ཀྱི་དྲུང་དུ། །ཨར་འདམ་བྲག་རོང་གི་སྐྱིབས་ནས། །རིག་འཛིན་རྒྱུ་སྐར་གྱི་དབང་པོས། །རང་སྣང་མྱོང་ཚོར་གྱི་འཕྲིན་འདི། །སྒོ་གསུམ་གུས་ཕྱག་བཅས་ཞུ་གསོལ། །གར་བཞུགས་འོག་མིན་གྱི་ཞིང་ན། །སུ་བཞུགས་ཀུན་བཟང་གི་མགོན་པོ། །ཅིར་སྣང་འོད་གསལ་གྱི་འཚོ་སྐྱོང། །གདོད་མའི་བདེ་ཐང་རང་ལགས་སམ། །གར་ཡང་སྙིགས་མཐའ་ཡི་མཚམས་འདིར། །དཀའ་སྡུག་ཛ་དྲགས་སུ་འཚུབ་ཀྱང་། །སྒྱུ་མའི་འཕྲུལ་འཁོར་འདི་བསོ་རིང་། །ལེགས་འཚོའི་རེ་བ་ཞིག་ཡོད་དོ། །

རོ་སྙོམས་གྲོང་རྒྱུའི་རྣལ་འབྱོར་ལ་མཁོ་བའི་ཚིགས་ཕྲེང་བཞུགས།

༄༅། ། ཕཊཿ དཀོན་མཆོག་རྩ་གསུམ་རིག་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བཟང་ངན་འབྲེལ་ཐོགས་མ་གྱུར་འགྲོ་བ་ཀུན། །རྣམ་མཁྱེན་གོ་འཕང་འཐོབ་པར་བྱིན་གྱིས་རློབས། །འདིར་སྣང་འདུ་འཛིའི་བྱ་བ་བློས་བཏང་སྟེ། །ཚོགས་དྲུག་དབེན་པར་འདྲིལ་བའི་རྣལ་འབྱོར་གྱིས། །དྭངས་མ་དྲུག་ལྡན་ཕུང་ཁམས་གསོ་བའི་ཕྱིར། །རོ་སྙོམས་ཟས་ཀྱི་ལྡོམ་བུ་སློང་དུ་བཞུད། །

དབྱིངས་གཟུགས་གཅེར་མོས་མྱོས་པའི་ལེགས་སྨོན།

༄༅། ། ཧོ་ལཱ༑ སྐྱབས་གནས་བསླུ་མེད་དཀོན་མཆོག་རིན་ཆེན་གསུམ། །མགོན་ལ་འཁྲུལ་མེད་ཆེས་མཆོག་རྩ་བ་གསུམ། །རེ་ལྟོས་ནོར་མེད་རྩ་རླུང་ཐིག་ལེ་གསུམ། །རྣམ་ཀུན་གཡེལ་མེད་བཏུད་དོ་ཐུགས་རྗེས་ཟུངས། །ཕྱོགས་བཅུ་རབ་འབྱམས་ཞིང་ན་བདེ་གཤེགས་ཀྱི། །རིགས་གཟུང་གདུང་འཚོབ་བི་ད་དྷ་རའི་ལམ། །གང་ཟག་མཚན་མས་མངོན་དུ་མ་བྱས་ཀྱང་། །རྒྱུད་ལྡན་རིག་འཛིན་ངེད་ཅག་བློ་རེ་བདེ། །མཁའ་དབྱིངས་དུས་ཚིགས་གཅིག་མཚུངས་རིག་པའི་ངོར། །ལོ་ཟླ་ཞག་དུས་སེམས་ཁྲལ་མི་དགོས་བཞིན། །ཐ་མལ་སྣང་ཞེན་དོད་པའི་ལོ་གྲངས་དང་། །ལུས་སེམས་གཉེར་མའི་ཁྱེར་གསོ་རྗེས་རུང་སྐྱིད། །

དོན་རྒྱན་བཞི་དང་རྟོག་རྒྱན་གཅིག་གི་དོ་ཤལ།

༄༅། ། ཀྱེ་ཀྱེ༑ ངོ་བོ་ཆོས་སྐུ་གདོད་ནས་མངོན་གྱུར་ཀྱང་། །རང་བཞིན་ལོངས་སྐུའི་སྒྱུ་འཕྲུལ་འགག་པ་མེད། །ཐུགས་རྗེ་སྤྲུལ་སྐུའི་འགྲོ་དོན་མཐའ་ཡས་པ། །མེ་མེ་བླ་མ་འདྲེན་མཆོག་ཡོངས་ཀྱི་གཙོ། །བཀའ་བསྟན་མང་དུ་ཐོས་ཤིང་བསམ་པས་མཁྱེན། །དབང་ལུང་ཡོངས་རྫོགས་ཞུས་ཤིང་སྨིན་པས་བརྩེ། །མན་ངག་རིས་མེད་སྒོམ་ཞིང་གྲོལ་བས་ནུས། །མཚུངས་བྲལ་མེ་མེ་བླ་མ་གཙུག་ན་རྒྱལ། །གང་གི་མཛད་རྣམ་རྒྱ་མཚོའི་ཆུ་ཐིག་ཙམ། །ཐོས་པས་དད་པའི་སྤུ་ལོང་འགུལ་ནུས་ན། །གཞི་སྣང་རང་སོར་རྟོགས་པའི་མན་ངག་སོགས། །ཞུས་སྐལ་མཆིས་པ་དེ་རྣམས་ཅི་མི་གྲོལ། །

བཀའ་རྙིང་དམ་ཅན་རྒྱ་མཚོའི་བསྟོད་འཕྲིན་ངག་དབང་ལྷ་མོའི་སྒྲ་བརྙན།

༄༅། ། ཧཱུྃ༑ གདོད་ནས་རྟ་མཆོག་རོལ་པའི་རྩལ་རྫོགས་ཀྱང་། །ད་དུང་བསྟན་དགྲ་ཚར་བཅད་ཆུ་ཟླའི་གར། །སྲིད་གསུམ་དབང་པོའི་གཙུག་གི་རྒྱན་གྱུར་པ། །དཔལ་མགོན་ནག་པོ་ཆེན་པོ་འཁོར་བཅས་བསྟོད། །རྣམ་སྣང་བདེ་གཤེགས་སྙིང་རྗེ་ཁྲོས་པའི་མདངས། །ཡེ་ཤེས་མགོན་པོ་ལྷ་ཆེན་དྲག་པོའི་གཙོ། །ཕོ་མགོན་མོ་མགོན་ལས་མགོན་ཡོངས་ཀྱི་རྗེ། །དྲེགས་པ་ཀུན་འདུལ་འཁོར་དང་བཅས་ལ་བསྟོད། །ཁྲོས་པའི་སྤྲིན་ལས་སྡང་མིག་གློག་ཞགས་གཡོས། །འཇིགས་པའི་ཚེམས་ཀྱི་གནམ་ལྕགས་བསྟན་དགྲར་འབེབས། །ལྕགས་ཀྱི་སྡེར་མོས་དམ་ཉམས་སྙིང་འབྱིན་པའི། །སྔགས་སྲུང་གཙོ་མོ་རལ་ཅིག་ཁྱོད་ལ་བསྟོད། །

དགོང་དྲོ་ཞིག་གི་སེམས་རིས་ཇ་ཆང་གི་ཚོགས་འཁོར་ལ་ཟླ་བ།

༄༅། ། ཨ་ལ་ཧོ༑ ལྷོ་མོན་ཤིང་ལོའི་ཚལ་གྱི་རྐང་འཐུང་གི་གཞོན་ནུ། །ཡོན་ཏན་སྒྲོན་མ་ལ་སོགས་རོ་བརྒྱ་ཡི་སྙིང་སྡུག །ཛཱ་ཏི་སྨན་དང་ཚྭ་མར་ལྷན་ཅིག་ཏུ་སྲུབ་པས། །ཁ་དོག་རོ་བཅུད་ལྡན་པའི་བསྲུ་ཇ་འདི་གར་བ། །བྱང་ཤར་རྒྱ་དཀར་འཁྱམ་གདལ་ཡུལ་ཀླུང་གི་རི་མདངས། །གཞོན་ནུའི་བུ་མོས་བཏུས་པའི་སྔོ་ལྗང་གི་ཤིང་ལོ། །སྦྲང་རྩི་འོ་མ་ཀ་ར་བུ་རམ་དང་སྦྱར་བས། །ཞིམ་དགུའི་རོ་བཅུད་ལྡན་པའི་ཅཱ་ཡེ་འདི་མངར་བ། །ལྷོ་གླིང་ཀོ་ལཱོམ་བྷི་ཡར་འཕྲུལ་སྐྱེད་ཀྱི་འཐོན་སྐྱེད། །རོ་བརྒྱས་འདོད་རྒུ་འབྱིན་པའི་ནུས་ལྡན་གྱི་ཀཱོ་ཕི། །རང་རྐྱང་འོ་མངར་ཚ་བསིལ་གང་དགའ་རུ་བཟོས་པས། །དྲི་བསུང་རོ་མཆོག་ལྡན་པའི་འཚིག་ཇ་འདི་སྐ་བ། །

ལྷ་ཆེན་ར་བྲག་པའི་གསོལ་བསྡུས་ཀ་ཕྲེང་དགྲ་ལྷ་དགྱེས་པའི་མདུང་དར།

༄༅། ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ༑ རྃ་ཡྃ་ཁྃ་ལས་རང་གནས་གཞལ་ཡས་སུ། །རིན་ཆེན་སྣོད་དུ་ཨོཾ་ཨཱཿཧཱུྃ་ཡིག་ལས། །ལྷ་ཆེན་གཙོ་འཁོར་དགྱེས་པའི་མཆོད་གཏོར་རྣམས། །བཞུས་ཏེ་ཡེ་ཤེས་བདུད་རྩིའི་ངོ་བོར་སྦྱང་། ། ཨོཾ༔ ཀ་དག་རང་གདངས་མཚོ་སྐྱེས་རྡོ་རྗེ་ཡིས། །ཁ་བཞིའི་ཡུལ་གྱི་སྲུང་མར་གཉེར་གཏད་ཅིང། །ག་དག་ཁམས་གསུམ་དབང་འདུས་ར་བྲག་པ། །ང་ཡི་ཡུལ་ལྷ་སྤུན་གསུམ་འདིར་གཤེགས་ཤིག །ཅ་ནོར་འདོད་རྒུས་ཕུན་ཚོགས་མཛེས་པའི་ལྗོངས། །ཆ་བྱད་ལྷུན་མཐོ་རྭ་བྲག་གངས་ཀྱི་རི། །ཇ་སྨན་རྩི་ཤིང་བཀྲ་བའི་ཕོ་བྲང་ནས། །ཉ་ངོག་རིག་འཛིན་དགྲ་ལྷ་འདིར་གཤེགས་ཤིག །

དམ་ཅན་གསོལ་བསྡུས་ཨ་ཕྲེང་རྩོལ་མེད་ཐོལ་བྱུང་བཞུགས།

༄༅། ། རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཀྱཻ༑ ཨ་ཏི་ཡང་རྩེ་ཐེག་པའི་གཞུང་ལུགས་ཀྱི། །ཨ་དོན་སྐྱེས་མེད་སྒོམ་པའི་རིག་འཛིན་ལ། །ཧ་ཕྱད་འགྲོས་ཀྱིས་འཕྲིན་ལས་སྒྲུབ་པ་པོ། །ཧ་དགོད་རྔམས་པའི་དམ་ཅན་འདིར་གཤེགས་ཤིག །ས་སྟེང་ཀུན་བཟང་དགོངས་པའི་བསྟན་པ་ཉིད། །ཤ་ཞེན་སྙིང་གིས་གཅེས་སྐྱོང་འཛིན་སྤེལ་སླད། །ལ་ལར་ཙམ་མིན་གདུང་བས་འབོད་ལགས་ན། །ར་མདར་འབྲལ་མེད་ཉུལ་བའི་དམ་ལ་དགོངས། །ཡ་ལད་གོ་ཆ་བཙན་རྨོག་མདའ་མདུང་སོགས། །འ་ཅི་ཀུན་བཟང་མཆོད་པའི་སྤྲིན་ཚོགས་སུ། །ཟ་ཟིས་འབག་མིན་སྨན་རཀ་བདུད་རྩི་བཅས། །ཞ་ལུར་ཡིད་སྤྲུལ་དངོས་སུ་བཤམས་པས་མཆོད། །

སྐྱབས་རྗེ་དགའ་རབ་རིན་པོ་ཆེའི་ཞབས་བརྟན་གཞི་སྣང་རང་གྲོལ་བཞུགས།

༄༅། །ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་བཛྲ་ཀྲོ་དྷི་ཀཱ་ལཱི་ཡེ༔ ངོ་བོ་རྣམ་གྲོལ་གཞི་ཡི་དཀྱིལ་འཁོར་དུ། །གཞོམ་མེད་བླ་མ་འདུས་པ་རྒྱ་མཚོའི་སྐུ། །གང་འདུལ་སྒྱུ་འཕྲུལ་འགགས་པ་མེད་པའི་དཔྱིད། །སྤྲུལ་སྐུ་དགའ་རབ་རྡོ་རྗེ་ཞབས་བརྟན་གསོལ། །རང་བཞིན་སྣང་བ་ལམ་གྱི་དཀྱིལ་འཁོར་དུ། །འཁྲུལ་མེད་བླ་མ་ཟབ་གཏེར་བདུད་རྩིའི་གསུང་། །ངེས་གསང་འཛད་མེད་བདུད་འཇོམས་རྡོ་རྗེའི་གདངས། །གསུང་སྤྲུལ་དགའ་རབ་རྡོ་རྗེ་ཞབས་བརྟན་གསོལ། །ཐུགས་རྗེ་རང་གྲོལ་བྱར་མེད་དཀྱིལ་འཁོར་དུ། །སྒྲིབ་མེད་བླ་མ་སངས་རྒྱས་ཀུན་གྱི་ཐུགས། །རང་བྱུང་དབྱིངས་དང་ཡེ་ཤེས་ཟང་ཐལ་ཀློང་། །ཐུགས་སྤྲུལ་དགའ་རབ་རྡོ་རྗེ་ཞབས་བརྟན་གསོལ། །

ཕྱིས་པ་ལས་ནང་པར་ཁ་བསྒྱུར་བའི་ཀ་ཕྲེང་ཞིག

༈ ཀ་མེད་དབུལ་ཞིང་འཕོངས་པའི་བུ་ཕྲུག་ཏུ་སྐྱེས་པས། །ཁ་ལག་བྲལ་ཙམ་ཚེ་སྟོད་སྡུག་བསྔལ་གྱིས་ཉེན་ཀྱང༌། །ག་ལེར་འཛམ་གླིང་ནུབ་ཕྱོགས་མཚོ་གླིང་དུ་འབྱོར་ཏེ། །ང་ནི་ཡིད་བཞིན་ནོར་བུ་རྙེད་པ་དང་འདྲ་བྱུང་། །ཅ་ཆས་རྒྱུ་ནོར་འཛམ་གླིང་བང་མཛོད་ལ་དབང་ཀྱང་། །ཆ་ཤས་ཙམ་ཡང་འཆི་ཁར་ཁྱེར་དབང་ནི་མེད་པས། །ཇ་ཆང་ཟས་གོས་ཡར་མཆོད་མར་སྦྱིན་ལ་སྦྱར་ཏེ། །ཉ་ངོའི་ཟླ་བཞིན་རྣམ་དཀར་དགེ་སྒྲུབ་ལ་ཆས་འགྲོ། །ཏཱ་རི་གཅིག་གཉིས་དུས་ཚོད་སྐར་མདའ་ལས་མགྱོགས་པས། །ཐ་མལ་ངང་དུ་མི་ཚེ་གཡེང་བ་ནི་འཕངས་ཀྱི། །

གདུང་འབོད་གསོལ་འདེབས་སྣང་སྲིད་གཞིར་བཞེངས་ཀྱི་གོ་ཡུལ།

༄༅། །ཀྱེ་ཧོ༑ ངོ་བོ་ཀ་ནས་དག་པ་ཀུན་ཁྱབ་ཀྱི་དབྱིངས་སུ། །རང་བཞིན་ལྷུན་གྱིས་གྲུབ་པ་ཉིན་བྱེད་ཀྱི་འཁོར་ལོ། །ཐུགས་རྗེ་ཕྱོགས་ལྷུང་བྲལ་བ་འོད་ཟེར་གྱི་སྒྱུ་འཕྲུལ། །སྐུ་གསུམ་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་འདི་མཁྱེན་ནོ། །དུས་གསུམ་སངས་རྒྱས་ངོ་བོ་དབྱེར་མེད་ཀྱི་བླ་མ། །ཟབ་གཏེར་ཆིག་རྫོགས་རང་བཞིན་འཁྲུལ་མེད་ཀྱི་ཡི་དམ། །དགེ་འདུན་འབུམ་ཚོགས་ཐུགས་རྗེ་འཁོན་མེད་ཀྱི་མཁའ་འགྲོ། །རྩ་གསུམ་ཀུན་འདུས་མཚོ་སྐྱེས་རྡོ་རྗེ་འདི་མཁྱེན་ནོ། །སྣང་སྲིད་སྙིང་པོའི་སྐུ་དང་ཕྱག་མཚན་གྱི་ཐུགས་རྗེ། །གྲགས་ཚད་འོད་ལྔའི་བུམ་དང་གསུང་དབྱངས་ཀྱི་རང་བཞིན། །

ལྷ་ཆེན་ར་བྲག་པའི་རླུང་རྟ།

༈ ཚེ་གཅིག་གཏན་གྱི་དགྲ་ལྷར་འགོས་པ་ལས། །ལུགས་གཉིས་གཞི་བྱེས་སྐྱོང་ལ་ཟླ་བྲལ་བའི། །ཁམས་གསུམ་དབང་འདུས་ལྷ་ཆེན་ར་བྲག་པ། །ཕྱོགས་བཞིར་རླུང་རྟ་སྤེལ་བའི་འཕྲིན་ལས་མཛོད། །འབྱུང་ལྔ་མཛའ་བའི་གྲོགས་སུ་འགུག་པ་ཡིས། །ཁམས་དྲུག་དྭངས་མའི་རླུང་རྟ་གནམ་ལ་འདེགས། །སྣ་བདུན་འབྱོར་པའི་དངོས་གྲུབ་ས་ལ་སྙིལ། །འཇིགས་བརྒྱད༌ཕྱོགས་མཐར་སྐྲོད་པའི་འཕྲིན་ལས་མཛོད། །རིམ་དགུ་ཐེག་པའི་གཤོག་རྩལ་ནང་ནས་རྒྱས། །ཆོས་བཅུའི་ཡོན་ཏན་ལོ་ནའི་ཚད་དུ་སྨིན། །བཅུ་གཅིག་སྒོམ་པའི་དབྱིངས་ལ་ལྡིང་བ་ཡིས། །བཅུ་གཉིས་བཞི་གསུམ་ཟིན་པའི་གྲོགས་དན་མཛོད། །

མཛའ་གྲོགས་ཀྱི་ཉིན་མོར་བསྐུར་བའི་འཕྲིན་ལན་ཡིད་དགའི་དྲི་བཞོན།

༈ སྐྱབས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མགོན་རྩ་བ་གསུམ་པོ་ཁྱེད་རང་མཁྱེན། །དཔུང་དམ་ཅན་རྒྱ་མཚོས་སྡོང་གྲོགས་མཛོད། །གཉེན་ཆོས་མཐུན་མཛའ་མོ་གླུ་འདིར་གསོན། །དུས་ད་ནངས་ཚེས་པ་བཅུ་བཞི་ལ། །མཛའ་གྲོགས་ཀྱི་ཉིན་མོ་འུར་སྒྲ་ཆེ། །ཁྱེད་གདུང་སེམས་ཀྱི་སྐད་འཕྲིན་བསྐུར་བ་ལ། །ང་དགའ་སྐྱོ་འདྲེས་མའི་ཚོར་སྣང་བྱུང། །ལོ་ན་ནིང་ད་གཟོད་ཡས་མས་ལ། །རིང་འདྲིས་ཀྱི་གྲོགས་རྙིང་རླུང་གིས་ཁྱེར། །རང་གཅིག་པུར་ས་སྟེང་ལྷགས་པ་ལས། །མཛའ་གདུང་གི་བརྩེ་འཕྲིན་འཇལ་ལེན་མེད། །རང་ཆོས་པ་ཡིན་དུ་བརློམས་བརློམས་ཀྱང་། །

ཀ་ཕྲེང་ཆེས་རྙིང་པ་ཞིག་ལ་འཕྲི་སྣོན་ཆེས་གསར་པ་མང་པོ།

༈ ཀ་མས་ཡིག་བཟོ་འདི་ལ་བྱང་དུས་མེད། །ཁ་ངལ་བློར་འཛིན་དེ་ལ་ཟིན་དུས་མེད། །ག་ཆད་འཁྲུལ་སྣང་འདི་ལ་སངས་དུས་མེད། །ང་ཡི་སྐྱིད་སྡུག་དབྱངས་ཅན་ཁྱེད་རང་མཁྱེན། །ཅ་དངོས་པེ་ཤ་གྲྭ་རྒན་དེ་ཚོ་ཕྱུག །ཆ་ལུགས་གྱོན་ཆས་གྲྭ་གཞོན་དེ་ཚོ་མཛེས། །ཇ་མོག་ཞིམ་དགུ་ཁུར་ཐང་ཁྲོམ་ལ་འཚོང་། །ཉ་ཕྲག་ང་ལ་བགོ་སྐལ་ཅི་ཡང་མེད། །ཏ་ལོ་ནོར་སྒང་མཇལ་དུ་ཕྱིན་པའི་ཚེ། །ཐ་རིང་མཁོ་མཐིང་འགྲོ་བའི་ལམ་ཡང་མཐོང་། །ད་རེས་དངོས་སུ་འགྲོ་དབང་མེད་ན་ཡང་། །ན་མར་ལན་ཅིག་འགྲོ་བའི་སྨོན་འདུན་བྱས། །

བརྟན་གསོའི་གདུང་འབོད་འཆི་མེད་ཚེ་བསྲིང་གི་རྔ་སྒྲ་བཞུགས།

༄༅། །ཀ་དག་རྫོགས་ཆེན་ཀུན་བཟང་དགོངས་པའི་ཀློང་། །ཁ་དོག་འོད་ལྔའི་ཚོམ་བུ་འགགས་མེད་གདངས། །ག་ནས་ཟུང་འཇུག་བདེ་ཆེན་ཀུན་ཁྱབ་པར། །ང་ཡི་དལ་རྟེན་ཡུན་གསོའི་རྒྱབ་བརྟེན་གསོལ། །ཅ་ནོར་སྟོང་གསུམ་ཁྱོན་གདལ་རིན་གྱིས་ཀྱང་། །ཆ་ཙམ་གཞལ་མེད་དཀོན་པ་མཆོག་གི་གཙོ། །ཇ་ཐུན་འཁོར་བ་དོང་སྤྲུགས་མཆོག་གསུམ་ལ། །ཉ་ཕྲ་བདག་ཉིད་ཡུན་འཚོའི་རྒྱབ་བརྟེན་གསོལ། །ཏ་ལེར་སྲིད་ཞི་མཉམ་བརྡལ་ཚེ་མཐའ་ཡས། །ཐ་དག་ཞལ་ཕྱག་མཚན་རྫོགས་རྣམ་པར་རྒྱལ། །ད་གཟོད་རིག་སྟོང་འཕོ་མེད་སྒྲོལ་མ་ལ། །ན་ཡོལ་བདག་ལུས་ཡུན་གསོའི་རྒྱབ་བརྟེན་གསོལ། །

སྒྲོལ་མའི་རྒྱུན་ཁྱེར་ཤིན་ཏུ་བསྡུས་པ།

༄༅། ། ༀཿ རྗེ་བརྩུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ཕྱག་འཚལ་སྒྲོལ་མ་ཉི་ཤུ་རྩ་གཅིག་མ། །སྣ་ཚོགས་གཟུགས་དང་ཕྱག་མཚན་མཐས་ཡས་མ། །དུས་གསུམ་རྒྱལ་བའི་འཕྲིན་ལས་ཀུན་སྒྲུབ་མ། །མ་གྱུར་འགྲོ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱཿ ཞེས་བརྒྱའམ་སྟོང་བཟླས་མཐར། རྗེ་བརྩུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །རྗེ་བརྩུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། །སྐྱིད་སྡུག་བཟང་ངན་འབྲིང་གསུམ་གཟིགས་སུ་གསོལ། །རྗེ་བརྩུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། །མཆོག་དང་ཐུན་མོང་དངོས་གྲུབ་བརྩལ་དུ་གསོལ། །རྗེ་བརྩུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ། །བསམ་པའི་དོན་ཀུན་སྒྲུབ་པར་མཛད་དུ་གསོལ། །

མཚོ་བྱུང་འཛུམ་པའི་རྒྱུད་མངས་ལས་གྲུབ་དབང་སངས་རྡོར་ཕུལ་བའི་ཞུ་འཕྲིན།

༄༅། །གནས་འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །གཞི་གདོད་མའི་མགོན་པོའི་ངོ་བོ་ཉིད། །སེམས་ཆོས་སྐུར་སྟོན་པའི་ངོ་མཚར་ཅན། །སློབ་བུདྷ་བཛྲའི་ཞབས་དྲུང་དུ། །ངེད་ལག་སོར་པདྨོའི་འདབ་བརྒྱ་རྣམས། །ཁྱེད་བསིལ་བྱེད་འོད་ཀྱིས་བསུས་པ་ལས། །དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་ན། །ཟུང་ཕྱག་རྒྱར་གཤིབ་པའི་ཕྱག་བཅས་གསོལ། །དེང་སྲིད་དང་ཞི་བའི་ཆོས་ཐམས་ཅད། །ཁྱེད་སྒྱུ་མ་ལྟ་བུར་གཟིགས་གཟིགས་ནས། །ཉམས་རྟོགས་པ་ཚད་དུ་ཕྱིན་ན་ཡང་། །ཉམས་ཆུང་གི་མཛད་པ་སྐྱོང་འདི་མཚར། །ལར་མཚན་བཅས་འཇིག་རྟེན་ལྟད་མོ་རྣམས། །དཔལ་ཀུན་བཟང་དགོངས་པར་ཟད་ཟད་ནས། །

རིགས་གསུམ་མགོན་པོའི་རྒྱུན་ཁྱེར་ཉུང་བསྡུས།

༄༅། །དྲི་མེད་མཁྱེན་རབ་དབང་པོ་འཇམ་དཔལ་དབྱངས། །དམིགས་མེད་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །ལྷག་མེད་བདུད་དཔུང་འཇོམས་མཛད་གསང་བའི་བདག །རིགས་གསུམ་མགོན་པོ་ཁྱེད་ལ་ཕྱག་འཚལ་ལོ། ། ཨོཾ་ཝཱ་གཱི་ཤྭ་ར་ཧཱུྃཿ ཨོཾ་མ་ཎི་པདྨེ་ཧཱུྃཿ ཨོཾ་བཛྲ་པ་ཎི་ཧཱུྂཿ ཞེས་བདུན་ནམ་ཉེར་གཅིག་གམ་བརྒྱ་སྟོང་སོགས་བཟླས་རྗེས། དགེ་བ་འདི་ཡིས་མ་གྱུར་འགྲོ་བ་རྣམས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་མྱུར་རྫོགས་ཏེ། །རིགས་གསུམ་མགོན་པོ་ཁྱེད་དང་དབྱེར་མེད་པར། །ལམ་ལྔ་ས་བཅུ་རིམ་གྱིས་བགྲོད་པར་ཤོག །

གདུང་གསོལ་དཔྱིད་ཀྱི་བུ་མོའི་གླུ་དབྱངས།

༄༅། ། ཀྱེ་མ་ཀྱེ་ཧུད༑ བཀའ་དྲིན་གསུམ་ལྡན་སློབ་དཔོན་རིན་པོ་ཆེ། །དད་དམ་གཙང་མའི་གླུ་ལ་ལན་ཅིག་གསོན། །བདག་ཅག་མགོན་མེད་རེ་ལྟོས་བཅའ་ས་མེད། །མངོན་དགའི་ཞིང་དུ་མ་བྱོན་ད་རེས་བཞུགས། །ཐུགས་རྗེ་ཀུན་ཁྱབ་སློབ་དཔོན་རིན་པོ་ཆེ། །མོས་གུས་གཅིག་ཆོག་གླུ་ལ་ལན་ཅིག་གསོན། །བདག་ཅག་མགོན་མེད་བློ་ཕུགས་གཏད་ས་མེད། །དབུ་མའི་ཕོ་བྲང་མ་གཞིག་ད་རེས་བཞུགས། །རང་བཞིན་ལྷུན་གྲུབ་སློབ་དཔོན་རིན་པོ་ཆེ། །ཅི་གསུངས་མཚན་འཛིན་གླུ་ལ་ལན་ཅིག་གསོན། །བདག་ཅག་མགོན་མེད་འོ་དོད་འབོད༌ས་མེད། །དྷུ་ཏི་ཡི་རང་སྒྲ་མ་འགག་ད་རེས་བཞུགས། །

ཞབས་བརྟན་མོས་གུས་གདུང་དབྱངས་ཀྱི་མཆོད་སྤྲིན།

༄༅། །ན་མོ་གུ་རུ༑ ཀ་དག་ཡེ་ཤེས་ལྷུན་གྲུབ་དྭངས་མའི་སྦུབས། །ཆ་སྙོམས་སྐུ་གསུམ་འདུ་འབྲལ་མེད་པའི་ཀློང་། །ད་གཟོད་ཆོས་ཉིད་ཡེ་གྲོལ་ཐིག་ལེའི་རྩལ། །མ་སྒྲིབ་ཀུན་ཁྱབ་རིན་ཆེན་ཞབས་བརྟན་གསོལ། །ཙ་རེར་ཉག་ཅིག་དྲི་མེད་ཟང་ཐལ་གཞི། །ཟ་འོག་གཏིང་གསལ་ལྷུན་གྲུབ་འོད་ཟེར་དབྱིངས། །ཤ་སྟག་རབ་འབྱམས་ཀུན་འདུས་ཛྙཱ་ནའི་གདངས། །ཨ་དོན་གུ་རུ་རཏྣ་ཞབས་བརྟན་གསོལ། །ཨི་ནུས་ཐུགས་རྗེས་འགྲོ་རྣམས་སྒྲོལ་བའི་ཕྱིར། །ཨུ་ནན་རང་བཞིན་གང་འདུལ་མཛད་འཕྲིན་གྱི། །ཨེ་ཝཾ་ངོ་བོ་འབྲེལ་ཚད་དོན་ལྡན་སྐུ། །ཨོ་རྒྱན་རིགས་ཀྱི་བདག་པོ་ཞབས་བརྟན་གསོལ། །

མཚུངས་མེད་རིགས་ཀྱི་བདག་པོའི་ཆེ་བརྗོད་དད་ཕྲན་ཀུ་ཤའི་ཟིལ་སྦྲོན།

༈ ཀྱེ་ཧོ༑ ལེགས་ཉེས་ཀརྨའི་སྒྲོག་གིས་རབ་བཅིངས་ཤིང་། །ཉོན་མོངས་དུག་ལྔའི་གདོན་གྱིས་རབ་གཟིར་ཏེ། །དབང་མེད་སྲིད་མཚོའི་གཤམ་ན་རབ་ཐིམ་པོར། །མགོན་ཁྱོད་གྲུ་ཆེན་ཡོན་ཏན་ཀུན་གྱིས་ཕྱུག །ཉོན་ཤེས་གཉིས་ཀའི་སྒྲིབ་ལས་རབ་གྲོལ་ཞིང་། །ཡེ་ཤེས་རྣམ་ལྔའི་འོད་མདངས་རབ་རྒྱས་ཏེ། །ཞི་བའི་རིན་ཆེན་གླིང་དུ་རབ་བཞུད་པོར། །མགོན་ཁྱོད་དེད་དཔོན་ཡོན་ཏན་ཀུན་གྱིས་ཕྱུག །ལས་དང་ཉོན་མོངས་སྤྲིན་གྱིས་རབ་འགྲིབ་ཅིང། །མ་རིག་རྨོངས་པའི་མུན་པས་རབ་དུབ་ཏེ། །ངེས་ལེགས་ལམ་ནས་རྒྱང་དུ་རབ་འཁྱོར་པོར། །མགོན་ཁྱོད་ས་མཁན་ཡོན་ཏན་ཀུན་གྱིས་ཕྱུག །

འབྲུག་སྐད་དམངས་གཞས་ཀྱི་ཚིག་ཕྲེང་ཀ་རྩོམ།

༈ ཕོ༑ ཡིད་འོང་ཀྃ་མ་ལྷ་ཡི་མེ་ཏོག་ལས། །མཛེས་པའི་ཁྃ་དོག་ལྡན་པའི་སྙིང་མཐུན་མ། །ཁྱོད་ནི་གྃ་ལས་ལྟ་རུང་ལེགས་མི་ལེགས། །སྟག་ཤར་ངྃ་ནི་ཁྱོད་ལུ་ཧིང་ལས་དགའ། ། མོ༑ རིན་ཐང་ཅན་གྱི་ཅྃ་ལ་གསེར་དངུལ་བཟུམ། །ཁྱོད་ལུ་འཕངས་པའི་ཆྃ་བཞག་བསྐྱེད་མཆིས་རུང། །ཇྃ་ཆང་ལོངས་སྤྱོད་འཛོམས་པའི་འབྲུག་ཡུལ་ལས། །ཉྃ་མོ་རྒྱ་མཚོའི་ཕར་ཁ་ལྷོད་མ་ཚུགས། ། ཕོ༑ ཏཱྃ་རཱ་སྒྲོལ་མའི་རྣམ་འཕྲུལ་ཡིད་འོང་ཁྱོད། །ས་ཐྃ་རྒྱང་ལུ་ཡུན་རིང་མ་སྡོད་པར། །ཉིནམ་འདི་དྃ་རེས་ནངས་པ་གཉིས་ལུ་དང། །ཡང་ནྃ་དུས་ཅི་སང་ཕོད་གཉིས་ལུ་ཤོག །

རྣམ་དཀར་ལེགས་ལམ་སྤྱོད་པར་བསྐུལ་བའི་བསླབ་ཕྲེང་སྒྲ་དོན་སྒྱུར་མ།

༈ འཛམ་གླིང་མི་རྣམས་བསམ་པ་ཐ་དད་ཅིང༌། །རང་དོན་ཉག་ཅིག་རྩལ་དུ་འདོན་པས་ན། །གཞན་ལ་མི་མགུ་སྣ་ཚོགས་བྱེད་ཀྱང་སྲིད། །འོན་ཀྱང་རྣམ་ཀུན་བཟོད་བསྲན་སྐྱེད་པར་གྱིས། །གང་ཞིག་བསམ་བཟང་ཁོ་ནར་འབད་ན་ཡང་། །རང་འདོད་ཆེ་ཞིང་བསམ་པ་ངན་ནོ་ཞེས། །མི་རྣམས་འཕྱ་ཞིང་ལོག་པར་སྨྲ་ཡང་སྲིད། །འོན་ཀྱང་བསམ་བཟང་ཁོ་ན་འབད་པར་གྱིས། །རང་གིས་ཅི་བྱས་ལམ་དུ་འགྲོ་བའི་དུས། །དགྲ་ཡིས་གྲོགས་པོ་བཟང་པོར་བརྫུ་བ་དང༌། །གྲོགས་བཟང་ངན་པའི་དགྲ་རུ་སྣང་ཡང་སྲིད །འོན་ཀྱང་ཅི་བྱས་ལམ་དུ་བགྲོད་པར་གྱིས། །

ལས་སྨོན་རྟེན་འབྲེལ་གྱི་ཚིག་འགྲེལ་སྲིན་འབུ་མེ་ཁྱེར་གྱི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།

༄༅། །ན་མོ་གུ་རུ་བིདྱཱ་དྷ་ར་ཡེ། གདོད་མའི་གཞི་དབྱིངས་མི་འགྱུར་ཟང་ཐལ་ཀློང་། །བུམ་སྐུའི་རིག་འཛིན་ཉིན་བྱེད་གཏིང་གསལ་ཅན། །གང་འདུལ་རྒྱུ་སྐར་དབང་པོས་འདྲེན་བྱེད་པ། །མཁྱེན་བརྩེའི་འོད་ཟེར་ཀུན་འཕྲོ་དེ་ལ་འདུད། །མི་རྟོག་དབྱིངས་ཀྱི་དཀྱིལ་འཁོར་རབ་དྭངས་སྦུབས། །གཞི་སྣང་བདེ་བ་ཆེན་པོ་རབ་རྒྱས་ཏེ། །རྣམ་ཀུན་སྒེག་པའི་ལང་འཚོས་རབ་གཡོ་བ། །བློ་གཏེར་ལྷ་མོས་ཤིས་པ་རབ་ཏུ་སྩོལ། །ཅེས་གུས་བཏུད་ཀྱི་ཚིག་ཕྲེང་ཡིད་དགའི་དོ་ཤལ་སྔོན་དུ་བཏང་ནས། རིག་འཛིན་ཆེན་པོ་འཇིཊ་མེད་གླིང་པའི་ཚོགས་གླུ། ལེགས་སྨོན་རྟེན་འབྲེལ་འདིའི་དྲང་ངེས་ཀྱི་གོ་བ།

གསོལ་འདེབས་མོས་གུས་ཀྱི་ཆུན་པོ།

༄༅། ། ཀྱེ་ཧོ༑ ཕ་བཀའ་དྲིན་གསུམ་ལྡན་བླ་མ་ལ། །བུ་མོས་གུས་གདུང་བས་གསོལ་བ་འདེབས། །མ་ཡིད་དམ་མཁའ་འགྲོའི་གྲོགས་དན་གྱིས། །ཆོས་རང་འགོ་འདྲོང་པར་བྱིན་གྱིས་རློབས། །སེམས་དག་པའི་ལྷ་ལམ་གུ་ཡངས་པོར། །སྣང་བ་སྣ་ཚོགས་དཔེ་རུ་བླངས། །དཔེ་ཉི་ཟླ་ལྷ་དང་བླ་མར་བླངས། །བླ་མ་ཀ་དག་གི་ངོ་བོར་བླངས། །ཕྱི་སྒྲོ་འདོགས་ཆོད་པའི་གདམས་ངག་ཞུ། །ནང་རང་བྱུང་ཡེ་ཤེས་ངོ་སྤྲོད་ཞུ། །བར་ལྷན་སྐྱེས་ཡེ་ཤེས་བརྡ་སྟོན་ཞུ། །མཇུག་དེ་ཉིད་རྟོགས་པའི་བྱིན་རླབས་ཞུ། །ཁྱེད་ཐུགས་རྗེ་ཀུན་ཁྱབ་ཀྱི་བླ་མ་ལགས། །ང་མོས་གུས་གཅིག་ཆོག་གིས་གསོལ་བ་འདེབས། །

བླ་མ་དང་མཚོ་སྐྱེས་རྡོ་རྗེ་དབྱེར་མེད་པ་ལ་གསོལ་སྨོན་ལྷན་ཅིག་ཏུ་འདེབས་པ།

༄༅། ། ཧོ༑ སྣང་སྲིད་ཀུན་ཁྱབ་ཐུགས་རྗེའི་ཞིང་ཁམས་ན། །དུས་གསུམ་རྒྱལ་བ་སྲས་བཅས་འདུས་པའི་སྐུ། །མཚོ་སྐྱེས་རྣམ་དཀར་དོན་ཀུན་གྲུབ་པ་ལ། །གསོལ་བ་སྙིང་ནས་འདེབས་སོ་ཐུགས་རྗེས་གཟིགས། །བཅོས་མིན་ངེས་འབྱུང་སྐྱོ་ཤེས་རྒྱུན་འཁྱོང་སྟེ། །མཐོང་ཚད་ལྷ་དང་བླ་མར་མ་དག་ན། །ཞེ་རུས་ལྟེམ་རྐྱང་མེད་པའི་མོས་གུས་ཀྱིས། །བརྡའ་བརྒྱུད་ཟབ་མོའི་བྱིན་རླབས་འཕོ་བར་ཤོག །གྲགས་ཚད་ལྷུན་གྲུབ་རང་བཞིན་ཞིང་ཁམས་ན། །རིག་འཛིན་དཔའ་བོ་མཁའ་འགྲོས་སྒྲོག་པའི་གསུང། །མཚོ་སྐྱེས་རྣམ་དཀར་དོན་ཀུན་གྲུབ་པ་ལ། །གསོལ་བ་སྙིང་ནས་འདེབས་སོ་ཐུགས་རྗེས་གཟིགས། །འཁྱོག་མིན་ཐོས་བསམ་ཡིད་དཔྱོད་མཐར་ཕྱིན་ཏེ། །ཐོས་ཚད་གཟུངས་དང་སྔགས་སུ་མ་དག་ན། །ཁ་ཞེ་གཉིས་སུ་མེད་པའི་བཟླས་བརྗོད་ཀྱིས། །སྙན་བརྒྱུད་ཟབ་མོའི་བྱིན་རླབས་འཕོ་བར་ཤོག །

ཀ་ཕྲེང་ཀུ་སུ་ལུའི་ཉམས་མཚར།

༈ ཨ་ཧོ༑ ཀ་དག་སྤྲོས་བྲལ་ཆོས་སྐུའི་འོད་གསལ་གྱི་ཀློང་ན། །ཁ་དོག་ལྷུན་གྲུབ་ལོངས་སྐུའི་འཇའ་སྤྲིན་གྱི་ཚོམ་བུ། །ག་ཤེད་ཀུན་ཁྱབ་སྤྲུལ་སྐུའི་སྐྱེད་ཚལ་དུ་མཇལ་ཚེ། །ང་ཅག་དག་སྣང་བརྒྱུད་པའི་སྐལ་ལྡན་ཚོ་སྐྱིད་དོ། །ཅ་ཅོའི་བརྗོད་ཡུལ་ལས་འདས་དགོངས་བརྒྱུད་ཀྱི་བྱིན་རླབས། །ཆ་ཚང་སྙིང་དབུས་འཕོས་པའི་བརྡ་བརྒྱུད་ཀྱི་སྐལ་ལྡན། །ཇ་ཐུན་ཅིག་གིས་འཚང་བརྒྱའི་སྙན་བརྒྱུད་འདི་མཇལ་ཚེ། །ཉ་ཉོག་ཆོས་བརྒྱུད་གཞན་ལ་མ་མོས་ཀྱང་འགྲིག་གཤའ། །ཏ་ལེར་བརྗིད་པའི་ངུར་སྨིག་གུས་བརྟེན་དུ་ཉར་ཞིང་། །ཐ་དད་གོས་དཀར་བག་མེད་སྐོན་པ་ཡང་བཤོལ་ཏེ། །ད་རེས་གཞི་དོན་རིག་པའི་གཏད་རྒྱ་འདི་མཇལ་ཚེ། །ན་མར་གར་འདུག་ཆོས་ཀྱི་བསྟི་གནས་རང་གྱུར་ཡོད། །

བླ་མ་དང་ཐུགས་རྗེ་ཆེན་པོར་གསོལ་བ་འདེབས་པ།

༄༅། ། ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡ། བླ་མ་དང་ཐུགས་རྗེ་ཆེན་པོ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །མཁྱེན་ནོ་བླ་མ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །བླ་མ་བུདྷཱ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །ལྷག་པའི་ཤེས་རབ་ཟབ་མོས། །ཨོཾ་མ་ཎི་པདྨེ་ཧཱུྃ། །མ་རིག་མུན༌པ་སེལ་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །མཁྱེན་ནོ་བླ་མ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །བླ་མ་དྷརྨ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །ལྷག་པའི་ཏིང་ངེ་འཛིན་གྱིས། །ཨོཾ་མ་ཎི་པདྨེ་ཧཱུྃ། །རྣམ་རྟོག་འཁྲུལ་པ་འབྱིད་ཤོག །ཨོཾ་མ་ཎི་པདྨེ་ཧཱུྃ། །མཁྱེན་ནོ་བླ་མ་མཁྱེན་ནོ། །ཨོཾ་མ་ཎི་པདྨེ་ཧཱུྃ། །

མཁན་པོ་བསོད་ནམས་དོན་གྲུབ་ཀྱི་མཛད་རྣམ་ཉུང་བསྡུས།

༈ མཁན་པོ་བསོད་ནམས་དོན་གྲུབ་ཀྱི་མཛད་རྣམ་ཉུང་བསྡུས། རྩོམ་སྒྲིག་པ། དངོས་སློབ་རིག་འཛིན་སྐར་མ།

༄༅། ། ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ༑ མཐའ་དག་མོས་བསམ་དབང་པོའི་རོ་ལྡན་མར། །གང་འདུལ་སྒྱུ་འཕྲུལ་ཆུ་ཟླའི་གར་བསྒྱུར་ཀྱང་། །རྣམ་དག་སྐྱེས་མེད་དབྱིངས་ལས་མ་གཡོས་པ། །སྐུ་གསུམ་ཀུན་འདུས་བླ་མའི་ཞབས་ལ་འདུད། །དེ་ལ་འདིར་མོས་གུས་ཀྱི་མེ་ཏོག་གདུང་སེམས་ཀྱི་མཁའ་ལ་གཏོར་ཏེ་གང་ཞིག་གླེང་བ་བྱ་བ་ནི། དཔལ་ལྡན་བླ་མའི་མཛད་རྣམ་མདོར་ཙམ་སྟེ། དེ་ཡང་། བྱ་བྲལ་རྣམ་དཀར་དོན་ཀུན་གྲུབ་པའི་སྡེའམ། མཚན་ཡོངས་གྲགས་སུ་མཁན་པོ་བསོད་ནམས་དོན་གྲུབ་ཏུ་གྲགས་པ་དེ་ནི།

རྗེ་མི་ལའི་བླ་མ་དྲན་དྲུག་ལས་དྲངས་པའི་རྟེན་འབྲེལ་གྱི་གླུ་ཕྲན།

༈ རྗེ་བཀའ་དྲིན་གསུམ་ལྡན་བླ་མ་མཁྱེན། །སྤྲང་གདུང་བའི་སྨྲེ་སྔགས་གླུ་འདིར་གསོན། །རྨི་ལམ་འོད་གསལ་གྱི་མཇལ་ཁ་དང་། །རྣམ་ཀུན་འབྲལ་མེད་ཀྱི་རྗེས་གནང་ཞུ། །གླིང་ཕར་གྱི་ཨེ་ཤི་ཡ་འཁྲི་ན། །ལྷ་རྫིང་གི་བུ་མོ་ཆགས་པའི་ས། །ཡུལ་ཡིད་དགའ་སྣ་ཚོགས་བཀྲ་བའི་རིར། །གནས་རྒན་བཞུགས་སྐྱིད་པའི་གླིང་དེ་ཡོད། །ཕྱི་ཨ་འཐས་འཁོར་བའི་བཀོད་པ་ལ། །ནང་དོན་གྱི་འོག་མིན་ཞིང་ཁམས་ཡིན། །ཞིང་འདི་ནང་སུ་བཞུགས་སུ་མི་བཞུགས། །ཞིང་འདི་ནང་ང་ཡི་བླ་མ་བཞུགས། །བླ་མ་རྒྱལ་བ་མི་བསྐྱོད་བཞུགས། །དུས་ད་ལྟ་བཞུགས་པ་སྐུ་དྲིན་ཆེ། །ཕྱིས་བསྐལ་བརྒྱར་བཞུགས་པའི་སྨོན་ལམ་ཞུ། །

ནམ་སྙིང་རིན་པོ་ཆེའི་ཞབས་བརྟན་ཀུན་ཆུབ་དཔྱིད་ཀྱི་འཛུམ་མུལ།

༄༅། །ན་མོ་ཨཱརྱ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཡེ༑ ངོ་བོ་ཀ་དག་གཞིར་རྫོགས་ཆོས་ཀྱི་དབྱིངས། །རང་བཞིན་ལྷུན་གྲུབ་ཐིག་ལེ་ཆེན་པོའི་གདངས། །ཐུགས་རྗེ་ཕྱོགས་ལྷུང་ཀུན་བྲལ་དབང་པོའི་གཞུ། །སྐུ་གསུམ་རིགས་ཀྱི་བདག་པོ་ཞབས་བརྟན་གསོལ། །གངས་ཅན་གནུབས་ཀྱི་རིགས་འཁྲུངས་འདུལ་བ་འཛིན། །མཁར་ཆུར་གྲུབ་བརྙེས་ཉི་མའི་ཟེར་ལ་བཅིབས། །སྨན་ལྗོངས་ཞིང་ན་རྒྱལ་བསྟན་དགུང་དུ་འདེགས། །རིག་འཛིན་ནམ་མཁའི་སྙིང་པོ་ཞབས་བརྟན་གསོལ། །

ཚོགས་གླུ་འོད་གསལ་སྣང་བཞིའི་རོལ་མོ།

༈ ཨ་ཧོ༑ ཕྱི་རོལ་གནས་ཡུལ་བྱ་གྲུབ་ཡེ་ཤེས་ཀྱི་འདུ་བ། །ནང་དུ་འདོད་ཡོན་སོར་མཉམ་ཡེ་ཤེས་ཀྱི་མཆོད་སྤྲིན། །གསང་བར་རིགས་བདག་མེ་ལོང་ཡེ་ཤེས་ཀྱི་ཚོགས་དཔོན། །ཆོས་ཉིད་མངོན་སུམ་སྣང་བའི་དཀྱིལ་འཁོར་དུ་ཕེབས་བྱུང་། །སྣང་གྲགས་སྤྲོས་ཆེན་བཀའ་བརྒྱད་ཐབས་མཆོག་གི་བསྐྱེད་རིམ། །བག་ཆགས་སྤྲོས་བྲལ་སྟོང་ཆེན་ཤེས་རབ་ཀྱི་རྫོགས་རིམ། །སྤྱི་འབྱམས་ཐོད་རྒལ་རང་རྩལ་ཟུང་འཇུག་གི་རྗེས་ཐོབ། །ཉམས་སྣང་གོང་དུ་འཕེལ་བའི་ཚོགས་འཁོར་རུ་བཟང་ངོ་། །

བཤེས་གཉེན་ལ་བསྔགས་པའི་ཀ་ཕྲེང་དབྱངས་གསལ་འདབ་བརྒྱའི་ཆུན་པོ།

༈ ཀ་དག་གཞིར་རྫོགས་ཆོས་སྐུ་ཀུན་ཏུ་བཟང་། །ཁ་སྦྱོར་ཡན་ལག་བདུན་ལྡན་རྡོ་རྗེ་འཆང་། །ག་སར་ཆུ་ཟླའི་གར་གྱིས་སྤྲུལ་པའི་སྐུ། །ང་ཡི་སློབ་དཔོན་ཡེ་ཤེས་རིན་ཆེན་རྒྱལ། །ཅ་དག་རྣམ༌ལྔའི་ཡེ་ཤེས་ཀུ༌མུད༌གཉེན། །ཆ་མཉམ༌རིན་ཆེན་རྡུལ༌གྱི༌འོད༌ཟེར༌ཅན། །ཇ་ཐུན་རེ་རེར་འགྲོ་བའི་མུན་བསལ་ཟླ། །ཉ་རྒྱས་སློབ་དཔོན་ཡེ་ཤེས་རིན་ཆེན་རྒྱལ། །ཏ་ཡས་ལེགས་བཤད་རིན་ཆེན་གླིང་ཕྱིན་ཏེ། །ཐ་དག་གཞུང་ལུགས་རྒྱ་མཚོའི་གཏིང་དཔོག་ཀྱང་། །ད་དུང་རྣམ་དཀར་གྲུར་བཞུད་མི་འདོར་བ། །ན་མོ་གུ་རུ་ཡེ་ཤེས་རིན་ཆེན་རྒྱལ། །

ཀ་ཕྲེང་ཀུ་རེ་འཚབ་བརྡོལ་མ།

༈ ཀ་ཡེ་རྗེས་ལུས་ཐེབས་པའི་གྲོགས་པོ་ཚོ། །ཁ་གདང་རྐུབ་བཀྱག་ཡུན་རིང་མི་དྲག་པར། །ག་གེ་ཚང་མ་རྒྱུག་པའི་ཨོ་གླིང་དུ། །ང་དང་གཞན་ལྟར་བགྲོད་ན་མི་ལེགས་སམ། །ཅ་ག་རྒྱུ་ནོར་ཚགས་སུ་མ་ཚུད་ན། །ཆ་མཐུན་མིས་ཀྱང་ཁྲེལ་རྒོད་འཕྱ་སྨོད་ཀྱིས། །ཇ་ཐང་བཞིན་དུ་མཐོང་ཆུང་བྱེད་ལགས་པས། །ཉ་ར་པེ་ཤར་བྱེད་དུ་མི་འགྲོ་འམ། །ཏ་རི་དུས་ཚིགས་སྐར་མདའ་བཞིན་དུ་རྒྱུགས། །ཐ་ལ་པེ་ཤ་རྙེད་རྒྱུ་གསེར་བས་དཀོན། །ད་ལྟ་མི་འདང་གནངས་ཀྱིས་བཀྲེན་དུས་འདིར། །ན་ཀྲའི་གྲོང་ཁྱེར་བརྒལ་ནས་མི་བྲོས་སམ། །

སྙིང་གཏམ་མཛངས་མའི་རེ་སྐོང་མ།

༄༅། ། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ༑ ཐོས་བསམ་སྒོམ་པའི་མཚར་སྡུག་འདབ་བརྒྱའི་དཔྱིད། །མཁས་བརྩུན་བཟང་པོའི་སྙན་འཇེབས་ཟིལ་མངར་ཅན། །མཁྱེན་བརྩེ་ནུས་པའི་དྲི་བསུང་འགྱེད་པའི་དབང་། །རྭ་ཧོར་ཆོས་གྲགས་མཚོ་སྐྱེས་དབུས་ན་རྨད། །གང་གིས་ལེགས་གསོས་བུང་བ་སྤྲིན་གྱི་ཚོགས། །གང་ཁྲོད་ཉམས་རྩལ་བརྟས་པའི་ཐུགས་སྲས་ཀྱིས། །ཕྱོགས་ཀྱི་བུ་མོར་རྩེད་དགས་རོལ་བའི་ཟླ། །བྱ་བཏང་རྣམ་དཀར་དོན་ཀུན་གྲུབ་པར་བཏུད། །སྣང་བ་དུ་མ་འཁྲུལ་པའི་འཇིག་རྟེན་ན། །སྤྱོད་པ་སྣ་ཚོཊ་འཆལ་བའི་སྐྱོན་གོས་ཀྱང་། །མཐར་ཐུག་རིག་པ་འཛིན་པའི་གདུང་འཚོབ་པ། །ང་ཡི་སྐྱིད་སྡུག་རིཊ་བདག་ཁྱེད་རང་མཁྱེན། །

རིག་འཛིན་འཁྲུལ་པ་སེལ་བའི་རང་བབས་ཀྱི་བསླབ་ཕྲེང་།

༄༅། ། ཀྱེ་མ༑ ཚེ་རབས་བསགས་པའི་ལེགས་ཉེས་ཀརྨ་ཡི་དབང་གིས། །རེ་ཞིག་ཕྱུག་མིན་དབུལ་མིན་དྭ་ཕྲུག་ཏུ་སྐྱེས་ཀྱང་། །ད་རེས་སྣ་ཚོགས་རང་གྲོལ་སྙིང་དབུས་ནས་མཇལ་དུས། །ཨ་མས་སྐྱེས་རིན་ཆོག་པའི་བརྩོན་པ་ཞིག་གནང་དང་། །མཐའ་བྲལ་མཁའ་ལ་འཆར་བ་སྒྱུ་སྐར་གྱི་དབང་པོ། །མཁྱེན་བརྩེ་འོད་ཟེར་སྒྱུ་མའི་ཁྱུ་ཚོགས་ཀྱི་བཀོད་པ། །གང་དེས་རྗེས་སུ་འཛིན་པའི་བགོ་སྐལ་ཞིག་བྱུང་དུས། །དལ་རྟེན་གསོ་རིན་ཆོག་པའི་བརྩོན་པ་ཞིག་གནང་དང་། །མི་ཆེན་ཤུགས་ཅན་བཙན་པོ་ནམ་མཁའ་དང་འདྲ་བས། །ཆགས་སྡང་ཉེ་རིང་སྡུག་རྩུབ་ཐོགས་སེར་དུ་ཕབ་ཀྱང་། །

ཀ་ཕྲེང་ཀུན་བཟང་དགོངས་པ་ཟང་ཐལ་མ།

༈ ཀ་དག་གནས་ལུགས་ཚིག་གིས་མི་མཚོན་ཀྱང་། །ཁ་དོག་ལྷུན་གྲུབ་རང་གདངས་བསམ་པས་གཞིག །ག་ན་ཤར་གྲོལ་དབྱེར་མེད་སྒོམ་པ་དེས། །ང་དག་ཀུན་ཏུ་བཟང་པོར་ཟང་ཐལ་ངང་། །ཅ་ཅོར་འཆད་པའི་ཐ་སྙད་གོ་ཡུལ་དང་། །ཆ་གསེས་རྩོད་པའི་གཏན་ཚིགས་བློ་གཏེར་ལས། །ཇ་ཡུན་རྩོམ་པའི་འགྱུར་ཁུག་རང་རྡོལ་དེས། །ཉ་རྐྱལ་རིགས་བྱེད་རྒྱ་མཚོར་ཟང་ཐལ་ངང་། །ཏ་ཡས་གཞུང་ལུགས་ལྡུམ་བུའི་ཚང་ཚིང་ནས། །ཐ་ཆད་རི་དྭགས་ཀླུང་རྒྱུའི་ཆས་ཀྱིས་ཀྱང་། །ད་གར་གཉུག་མའི་ཐང་ལ་ཡར་སོན་དེས། །ན་ནོ་ཀུན་རྫོབ་ཁྲེགས་ཆོད་ཟང་ཐལ་ངང་། །

ངག་རྩོམ་ར་མ་ལུག་གི་གླུ་དབྱངས།

༈ ཀུན་ཁྱབ་ཡིད་ཀྱི་ཀློང་ནས། །མཚོ་བྱུང་འཛུམ་མུལ་ཤིག་ཤིག །བློ་གྲོས་ཀུ་མུད་སྦུབས་ནས། །ལེགས་བཤད་ཟིལ་མངར་ཐུལ་ཐུལ། །སྙིང་དབུས་དད་པའི་ཟེའུ་འབྲུར། །དྲིན་ཅན་བླ་མ་བཞུགས་དང་། །འབྲལ་མེད་མཆོད་པའི་དྲི་བསུང་། །ལྷ་ལམ་དབྱིངས་སུ་གཏུལ་ཆོག །ཨ་རི་མི་ཚོགས་འདུས་ས། །འབྱོར་ལྡན་སྐྱིད་པས་འཚེང་ཀྱང་། །ནོར་མེད་དབུལ་པོ་ཕལ་ཆེར། །ཟིན་མེད་ལས་ཀས་མནར་འདུག །འཕགས་ནོར་རྗེས་སུ་སྙེག་པའི། །སྙིགས་མཐའི་རྣལ་འབྱོར་སྐར་མ། །ཨ་སྒོར་འདོད་པ་མེད་པས། །འབྱོར་ལྡན་ལས་ཀྱང་སྐྱིད་དོ། །

བློ་གཏེར་དབྱངས་ཅན་མར་བསྟོད་པ།

༈ ཀ་མ་ལ་ལྟར་མཛེས་པའི་སྙིང་སྡུག་མ། །ཁ་གཅང་སྙན་པའི་དབྱངས་ཀྱི་མགྲིན་བཟང་མ། །ག་གི་སེམས་ལའང་བདེ་སྟེར་སྨིན་ལེགས་མ། །ང་ཡི་ལྷ་མོ་བློ་གཏེར་དབྱངས་ཅན་མ། །ཅ་ཅོལ་སྐྱོན་ཀྱི་མཐའ་བྲལ་ངག་དབང་མ། །ཆ་གཏེར་སྤྱན་རས་ཡངས་པའི་འོད་འཁྱུག་མ། །ཇ་ཧོང་དར་གོས་སྐར་ཚོགས་འབུམ་བརྒྱན་མ། །ཉ་གང་ཟླ་བཞིན་ཀུན་ལ་སྨན་མཛད་མ། །ཏ་ར་ནི་དང་བསིལ་ཟེར་ཡིད་འོང་མ། །ཐ་གོག་ཡན་དུ་གཤིབ་པའི་དམའ་འབེབ་མ། །ད་ཀ་བདེ་གཤེགས་སྤྱན་གྱི་ཟུར་འཕྲོག་མ། །ན་དའི་ལྷ་མོ་མཛེས་སྡུག་ཟླ་མེད་མ། །

རང་མཉམ་དེང་རབས་ཀྱི་ངང་ཚུལ་གླེང་བ།

༈ ཀ་ནས་ཐོས་དང་བསམ་པའི་ཡོ་ལང་གིས་བསླུས་ཤིང་། །ཁ་རྡུལ་ཁྱགས་རོམ་གཡོགས་པའི་གངས་ཁྲོད་ནས་བྲོས་ཏེ། །ག་གེའི་གྲོང་ན་ཁྱི་ཉུལ་འདྲེ་ཉུལ་དུ་སོང་བ། །ང་ཚོ་རང་གིས་རང་སླུའི་བྲེལ་འཚུབ་ལ་ལྟོས་དང་། །ཅ་ཅོ་ཀུན་གྱི་འབྱུང་གནས་ཁ་པར་གྱི་འཆང་སྤྱོད། །ཆ་བྱད་གནས་ཡུལ་དུས་སོགས་འཛེམ་མེད་དུ་བསྟར་བ། །ཇ་ཐུན་ཙམ་མིན་ཉིན་མཚན་བར་མེད་དུ་བྱས་པས། །ཉ་ཉོར་མི་ཚེ་ཟད་པའི་སོས་དལ་ལ་ལྟོས་དང་། །ཏ་ཀུས་རང་དྲུད་རྒྱག་པའི་ལོ་ཚད་ལ་སླེབས་ཀྱང་། །ཐ་ཤལ་གཞོན་ནུའི་སྤྱོད་པ་བྱུང་བརྒྱལ་དུ་སྐྱང་ནས། །ད་ལྟ་མི་དགའ་ཕྱི་མ་མི་སྐྱིད་ལ་སྦྱོར་ཏེ། །ན་འདྲེད་སྤང་ཐོགས་འཆི་རྒྱུའི་སྙིང་རིང་ལ་ལྟོས་དང་། །

བླ་མར་ཡུས་འཚོང་གི་ཀ་ཕྲེང་།

༈ ཀ་དག་འོད་གསལ་ལྷུན་གྱིས་གྲུབ་པའི་ཀློང་། །ཁ་དོག་དྲི་མེད་ནམ་མཁའི་རྩལ་རྫོགས་ཏེ། །ག་ཆེན་གདོད་མའི་རྒྱལ་སར་དབང་བསྒྱུར་བ། །ང་ཡི་བླ་མ་རྣམ་དཀར་དོན་གྲུབ་མཁྱེན། །ཅ་ཟིང་ཨ་རི་ཡུལ་ན་འདུ་འཛིའི་ངང་། །ཆ་ཆོའི་དགེ་སྦྱོར་ཙམ་ཡང་མི་འབྱོར་ཞིང། །ཇ་ཀོག་དལ་རྟེན་མཉམ་དུ་སྟོང་ཁད་པའི། །ཉ་ཉོར་དོ་མེད་འདི་ལ་ཐུགས་རྗེས་གཟིགས། །ཏ་ན་ག་ནར་འགྲིམ་པའི་སྐབས་མེད་ཀྱང་། །ཐ་མལ་གཅེར་ཉལ་སོས་དལ་མི་བྱེད་པར། །ད་རེས་འདུག་པའི་ཕྱི་གླིང་ག་ལ་བར། །ན་མར་ཆོས་སྤྱོད་ནུས་པའི་བྱིན་བརླབ་ཞུ། །

གསོན་རིན་ཆོག་སྙམ་གྱི་སྤྲོ་གླུ།

༈ རྗེ་བླ་མ་རྣམ་དཀར་དོན་གྲུབ་མཁྱེན། །ལྷ་བཛྲ་སྭ་ཏུས་བྱིན་གྱིས་རློབས། །གྲོགས་བློ་གཏེར་དབྱངས་ཅན་དངོས་གྲུབ་སྩོལ། །ཆོས་ཨ་ཏི་ཡོ་ག་མཐར་ཕྱིན་ཤོག །ང་ན་ནིང་ཤི་ན་འགྱོད་པའི་རྒྱུ། །དལ་འབྱོར་སྟོང་ཟད་དུ་སོང་བ་ལགས། །གཏན་འདུན་གྱི་རྨང་གཞི་མ་འདིང་བར། །མུན་ནས་མུན་སོང་ནི་ཨ་ཙ་མ། །ང་ད་ལོ་གསོན་པས་མི་སྡུག་རྒྱུ། །གཉུག་མའི་རྒྱལ་ས་འདོད་པ་ལགས། །ཨ་བྷི་རཱ་ཏི་ཡི་བཞུད་སྣ་འཛིན། །སྣང་ནས་སྣང་བགྲོད་ནི་ཨ་ལ་ལ། །ང་སང་ཕོད་མི་འཆི་གསོན་རིན་ཆོད། །བདེ་གསལ་མི་རྟོག་བསྒོམ་པ་ལགས། །གཉིད་རྨི་སད་གསུམ་དེ་སྐུ་གསུམ་དུ། །རང་བསྲེ་རང་གྲོལ་ནི་ཨེ་མ་ཧོ། །

རྭ་ཧོར་ཆོས་གྲགས་ཀྱི་མཛད་རྣམ་ཉུང་བསྡུས།

༈ དཔལ་ལྡན་རྭ་ཧོར་ཐུབ་བསྟན་ཆོས་ཀྱི་གྲགས་པའི་མཛད་རྣམ་ཉུང་བསྡུས། རྩོམ་སྒྲིག་པ། ཡང་སློབ་རིག་འཛིན་སྐར་མ། 


༄༅། ། ན་མོ་གུ་རུ༑ མདོ་སྔགས་གང་གཱ་འཛིན་མའི་གཏིང་དང་མཐའ། །ཐོས་བསམ་གྲུ་རྫིངས་ཆེན་པོས་ལེགས་དཔོག་པས། །ཉམས་རྟོགས་ཡིད་བཞིན་ནོར་བུའི་གཏེར་ལོན་པ། །དཔལ་ལྡན་རྭ་ཧོར་ཆོས་གྲགས་དེ་ལ་འདུད། །ཅེས་པའི་གུས་བཏུད་ཀྱི་མེ་ཏོག་སྔོན་དུ་གཏོར་ནས་གང་ཞིག་སླེང་བར་བྱ་བ་ནི༑ བླ་མ་དམ་པ་དེའི་ལོ་རྒྱུས་རྡུལ་ཕྲན་གྱི་ཆ་ཙམ་སྟེ། དེ་ཡང་། དཔལ་ལྡན་རྭ་ཧོར་ཐུབ་བསྟན་ཆོས་ཀྱི་གྲགས་པ་ཞེས་པའི་མཚན་སྙན་གྱི་སྒྲ་དབྱངས། གཞན་གསོས་བུ་མོའི་གསུང་སྐད་ལས་སྙན་པར། ཕྱོགས་དང་མཚམས་ཀྱི་མཐའ་ཀུན་ན་ལྷང་ལྷང་དུ་བསྒྲགས་ཤིང་།

དགེ་སྦྱོར་ཡན་ལག་བདུན་པ།

༈ བླ་མ་མཁྱེན་ནོ། མ་དག་ཕུང་ཁམས་འཁྲུལ་པའི་རྫིང་བུ་རུ། །གང་འདུལ་སྒྱུ་འཕྲུལ་ཆུ་ཟླའི་གར་བསྒྱུར་ཀྱང་། །རྣམ་དག་སྐྱེས་མེད་དབྱིངས་ལས་མ་གཡོས་པ། །སྐུ་གསུམ་ཀུན་འདུས་བླ་མ་ཁྱེད་མཁྱེན་ནོ། །རྣམ་མང་ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོ་ན། །ཇི་སྙེད་རྒྱལ་དང་རྒྱལ་སྲས་བཞུགས་པ་ལ། །དེ་སྙེད་བདག་ལུས་རྣམ་པར་སྤྲུལ་པ་ཡིས། །ལུས་ངག་ཡིད་གསུམ་དྭང་བས་ཕྱག་འཚལ་ལོ། །འདོད་གཟུགས་དབྱིངས་སུ་ཕུན་ཚོགས་ཅི་ཡོད་དང་། །རྒྱལ་ཆེན་རི་བཞིའི་མངའ་ཐང་འབྱོར་པས་གཙོས། །བདག་ལ་ཅི་མཆིས་འཛམ་གླིང་ཟས་ནོར་ཀུན། །བློས་བླངས་ཡིད་སྤྲུལ་དངོས་སུམ་བཤམས་པས་མཆོད། །

སྒྲ་སློབ་ལེགས་རྒྱའི་མཛད་རྣམ་མདོར་བསྡུས།

༈ སྒྲ་སློབ་ཞིང་གཤེགས་ལེགས་བཤད་རྒྱ་མཚོའི་མཛད་རྣམ་མདོར་བསྡུས། རྩོམ་སྒྲིག་པ། རིག་འཛིན་སྐར་མ།

༄༅། །སྨན་ལྗོངས་ནགས་མོའི་སྐྱེད་ཚལ་ག་ལ་བར། །མཁས་གྲུབ་ཀུ་མུད་ཡོངས་སུ་བཞད་པའི་དབུས། །མཆོག་འཛིན་བུ་མོའི་ཡིད་དབང་འཕྲོག་པའི་གཉེན། །ལེགས་བཤད་རྒྱ་མཚོའི་པདྨོ་དེ་ལ་འདུད། །ཅེས་པའི་གུས་བཏུད་ཀྱི་ཚིག་ཕྲེང་དང་བཅས་གང་ཞིག་གླེང་བར་བྱ་བ་ནི། མཁས་པའི་དབང་པོ་སྒྲ་སློབ་ཞིང་གཤེགས་ལེགས་བཤད་རྒྱ་མཚོའི་མཛད་རྣམ་མདོར་ཙམ་སྟེ། དེ་ཡང་མཁས་དབང་ལེགས་བཤད་རྒྱ་མཚོ་ནི། གནམ་ལོ་མེ་མོ་ཕག་ལོ་དབྱར༌ཟླ༌ར༌བའི༌ཚེས༌༡༡། ཕྱི་ལོ་༡༩༤༧ ཕྱི་ཟླ་༥ པའི་ཚེས་༣༠ དལ་འགྲོ་ཞེས་པའི་ནམ་གྱི་ཐོ་རངས་ལ།

གྲོགས་པོ་ཆོས་ལ་བསྐུལ་བའི་བསླབ་ཕྲེང་།

༈ ཀྱེ་མ་ཀྱི་ཧུད་ཆོས་ལྡན་སྙིང་གི་གྲོགས། །དར་ཅིག་འཛམ་གླིང་འདི་ལ་ཕར་ལྟོས་དང་། །ཕྱི་རོལ་འབྱུང་བ་བཞི་དང་གནམ་གཤིས་འཁྲུག །ནང་དུ་ནད་ཡམས་མུ་གེ་དམག་འཁྲུག་ལངས། །གསང་བར་རྡུལ་ཕྲན་མཚོན་ཆའི་འཇིགས་སྣང་གཡོས། །དུས་ངན་སྙིགས་མཐར་སླེབས་སོ་ཨ་ནཱནྡ། །ལན་ཅིག་མི་ཚེ་འདི་ལ་ཚུར་ལྟོས་དང་། །གཞོན་དུས་བསླབ་སྦྱངས་རྩོལ་སྒྲུབ་འོ་བརྒྱལ་ཆེ། །དར་དུས་དགྲ་འདུལ་གཉེན་སྐྱོང་ཉམས་ཐག་ཆེ། །རྒས་དུས་སྨན་བཅོས་རིམ་གྲོས་སྡུག་རེ་ཆེ། །འཆི་དུས་གར་འགྲོའི་གཏད་མེད་གུད་རེ་ཆེ། །དེ་དག་ཞིབ་མོར་སོམས་དང་ཨ་ནཱནྡ། །འཛམ་གླིང་མི་འབོར་དུང་ཕྱུར་བདུན་བརྒྱད་ཙམ། །བལྟ་ན་མི་ལུས་ཐོབ་པ་སླ་སླ་འདྲ། །འོན་ཀྱང་དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས། །རྒྱུ་དཔེ་གྲངས་ཀྱིས་སྒོ་ནས་རྙེད་པར་དཀའ། །དེ་ཡང་ནང་པའི་མི་འབོར་བགྲང་བས་ཤེས། །དལ་འབྱོར་སྙིང་པོ་ལོན་དང་ཨ་ནཱནྡ། །

བླ་མ་དྲན་པའི་མགུར་ཐུང་།

༈ ཕ་བཀའ་དྲིན་གསུམ་ལྡན་བླ་མ་ལ། །བུ་མོས་གུས་གདུང་བས་གསོལ་བ་འདེབས། །མ་ཡིད་དམ་མཁའ་འགྲོས་ཐུགས་རྗེ་གཟིགས། །བུ་རང་འགོ་འདྲོང་པར་བྱིན་གྱིས་རློབས། །སྔོན་མན་ངག་གི་སྦྲང་ཆར་འབེབས་པའི་དུས། །རང་མོས་གུས་ཀྱི་དྲོད་བཤེར་མ་ཆུང་ན། །ད་ཉམས་རྟོགས་ཀྱི་མྱུ་གུ་སྐྱེས་ལེ་ཆེ། །འགྲོ་དོན་གྱི་འབྲས་བུ་སྨིན་ལེ་ཆེ། །ལར་སྐལ་དམན་གྱི་སློབ་བུ་རྨོངས་དད་ཅན། །ང་ཐོས་བསམ་གྱི་མཆོར་སྒེག་ཡིད་ལ་བཅང་། །སྒོམ་བསྲན་གྱི་སྙིང་རུས་རླུང་ལ་བསྐུར། །སྡུག་བསྔལ་གྱི་འདམ་དུ་ཧུར་གྱིས་མཆོང་། །དོན་མེད་ཀྱི་བསླབ་སྦྱང་བྱས་བྱེད་ནས། །དོན་ཅན་གྱི་མི་ཚེ་ཆུད་ཟད་སོང་། །

གཅོད་བཞིར་སླར་གཞོལ་ཀྱི་ཐོལ་གླུ།

༈ རྣམ་དཀར་དོན་ཀུན་གྲུབ་པའི་བླ་མ་ལ། །མོས་གུས་གསར་དུ་གཏོད་པའི་སློབ་བུ་ཡིས། །རེ་དོགས་མཐའ་ལས་གྲོལ་བའི་གུས་ཕྱག་འཚལ། །མཆོག་ཐུན་དངོས་གྲུབ་སྦྱིན་པའི་ཐུགས་རྗེ་གཟིགས། །གཞི་ནས་དམ་པ་ཁྱེད་ཀྱི་བཀའ་ལུང་བཞིན། །གཉན༌ས༌རི༌ཁྲོད༌འགྲིམ༌པའི༌ཕྱི༌གཅོད་ལ། །མི་ཚེ་ཧྲིལ་བུ་དྲིལ་བ་ཞིག་དགོས་ཀྱང་། །མ་ནུས་འགྱོད་བཤགས་འབུལ་ལ་ཐུགས་རྗེས་གཟིགས། །ད་ནས་ཕ་ཅིག་ཁྱེད་ཀྱི་དགོངས་པ་བཞིན། །ཕུང་པོ་ཟན་དུ་སྐྱུར་བའི་ནང་གཅོད་ལ། །ཆགས་ཞེན་འཁྲི་ནས་ཆོད་པ་ཞིག་བྱེད་ཀྱི། །བར་ཆད་སེམས་སུ་རྫོགས་པར་ཐུགས་རྗེས་གཟིགས། །

ཀ་ཕྲེང་ཡིད་ཀྱི་རང་བབས།

༈ ཀ་དག་གཉུག་མའི་གཤིས་དེ་ཆོས་སྐུ་ཡི་ངོ་བོ། །ཁ་དོག་ལྷུན་གྲུབ་གདངས་དེ་ལོངས་སྐུ་ཡི་རང་བཞིན། །ག་སར་ཀུན་ཏུ་ཁྱབ་དེ་སྤྲུལ་སྐུ་ཡི་ཐུགས་རྗེ། །ང་ཡི་བླ་མ་སྐུ་གསུམ་ཀུན་འདུས་དེ་མཁྱེན་ནོ། །ཅ་གེར་སྐྱེས་མེད་རིག་སྟོང་ལྗེན་པ་འདི་ལྟ་དུས། །ཆ་མཉམ་རྟོག་ཚོགས་དག་པའི་སྣང་བ་རེ་ཤར་ཀྱང་། །ཇ་རྒོད་ལས་ཀྱང་ནག་པའི་རེ་དོགས་ཀྱི་འཕྲང་ལས། །ཉ་འཕྱོ་འགྲོས་ཀྱིས་ཐར་མེད་ཞུམ་སེམས་ཤིག་ལྷགས་བྱུང་། །ཏ་ལེར་ཡིད་ཀྱི་སྒྱུ་བ་ཨ་འཐས་ཀྱི་སྣང་ཞེན། །ཐ་དག་ཡེ་ནས་སྤྲོས་བྲལ་གཤིས་ལུགས་སུ་ཟད་ཀྱང་། །ད་དུང་རྣམ་རྟོག་ཡེ་ཤེས་ཁག་ཁ་རུ་ལུས་པས། །ན་བུན་འཁུ་འཁྲིག་སྤྲིན་ནག་དྭངས་རེ་ཡིས་དངངས་བྱུང་། །

ལྷ་ཆོས་ལམ་དུ་སློང་བའི་མཚར་གཏམ་ང་ལྔ་མ།

༈ ཀྱེ་མ༑ ང་དང་པོ་ན་ཕྲ་རིག་པ་རྣོ། །སློབ་དཔོན་དམ་པས་རྗེས་སུ་བཟུང་། །རིག་པའི་གནས་ཀྱི་ལྡེ་མིག་བསྩལ། །གྲྭ་ས་དང་དགོན་གནས་འགྲིམས་ན་ཡང་། །ཆོས་སེམས་དང་སྙིང་རུས་སྤུ་ཙམ་མེད། །ངུར་སྨིག་ལྟོ་གོས་ཀྱི་ཆེད་དུ་གྱོན། །གཏི་མུག་བྱོལ་སོང་ལས་ཀྱང་ཐུ། །ཨེ་མ་དུད་འགྲོ་རུ་མི་སྐྱེ་རྒྱུ། །མགོན་བདེ་གཤེགས་རྣམ་པར་སྣང་མཛད་མཁྱེན། །སྐྱབས་ཆོས་དབྱིངས་ཡེ་ཤེས་ངོ་འཕྲོད་དེ། །ནང་སྐྱེ་མེད་གནས་ལུགས་རྟོགས་པ་དང་། །ཕྱི་འོག་མིན་བགྲོད་པའི་སྨོན་ལམ་ཞུས། །

ཚོགས་གླུ་བཛྲ་ཡོ་གིའི་ཐོལ་གླུ།

༈ ཨ་ཧོ༑ སྣང་སྲིད་པདྨ་འོད་ཀྱི་ཕོ་བྲང་གི་འདུ་བར། །གསལ་མདངས་མ་འགགས་བདེ་ཆེན་ལོངས་སྤྱོད་ཀྱི་འཆར་སྒོ །བློ་འདས་གཉུག་མའི་གཤིས་ལ་ཁ་ཡན་དུ་ཀློད་པས། །སྐུ་གསུམ་དོན་གྱི་པད་འབྱུང་སྙིང་དབུས་ནས་མཇལ་བྱུང་། །དལ་རྟེན་ནོར་འཛིན་དཔྱིད་ཀྱི་ལང་འཚོ་ཡིས་མྱོས་ཤིང་། །སྨིན་གྲོལ་དབང་དང་གདམས་པའི་སྦྲང་ཆར་གྱིས་རླན་པས། །དད་དམ་ལྕང་ལོའི་ལྗོན་མོ་ཡིད་དགའ་ཡིས་གཏམས་པ། །ཉམས་རྟོགས་སྙེ་མ་དུད་པའི་རྟེན་འབྲེལ་ལ་ཡག་བྱུང་། །